Tuesday, December 22, 2009

ས་གོ་ལའི་གནམ་གཤིས་འགྱུར་ལྡོག

ས་གོ་ལའི་གནམ་གཤིས་འགྱུར་ལྡོག་ནི་རང་བྱུང་ཁམས་ཀྱི་རང་བཞིན་ཞིག་ཡིན་ནའང་། སྤྱིར་བཏང་གོ་་ལའི་གནམ་གཤིས་ཆ་སྙོམས་ཀྱི་ཚ་ཚད་ལ་གློ་བུར་དུ་འཕར་ཆག་ཤུགས་ཆེར་བྱུང་སྐབས་འཛམ་གླིང་སྐྱེ་ཁམས་ཀྱི་སེམས་ཅན་དང་རྩི་ཤིང་གི་འཚོ་གནས་ལ་ཆག་འཇིག་གི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།
ད་ལྟའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་གནམ་གཤིས་བསྒྱུར་བཅོས་ཀྱི་ཚོགས་ཆེན་ཐེངས་༡༥ པ་འདི་ཡང་ཕྱི་ལོ་༡༨༥༠ ཙམ་ནས་བཟུང་གོ་ལའི་སྤྱི་ཡོངས་ཀྱི་གནམ་གཤིས་ལ་ཚ་དྲོད་ཚབས་ཆེན་རྒྱས་འགོ་བརྩམས་ཤིང་། དེ་ནི་རང་བྱུང་གི་འགྱུར་བ་ཞིག་མིན་པར་། འཕྲལ་དུ་ཡོ་བསང་མ་བྱས་ན་མིཙམ་མ་ཟད། སྐྱེ་ཁམས་ཀྱི་ཚེ་སྲོག་ཡོངས་ལ་གནོད་འཚེ་ཚབས་ཆེན་འཕོག་གཏན་ཁེལ་བའི་འགྲོ་བ་མིས་བཟོས་པའི་ལྡོག་འཁྲིས་ཤིག་ལྟེ། དཀའ་ངལ་དེ་སེལ་ཐབས་ཀྱི་ཚོགས་འདུག་ཅིག་ཡིན་པ་རེད།
མིས་བཟོས་པའི་ལྡོག་འཕྲིས་ཤིག་ཅེས་བརྗོད་དུས་འགྲོ་བ་མི་ཀུན་ལ་བརྗོད་ན་མི་དཀར་པོ་དག་ལ་ཞྭ་མོ་ནག་པོ་གཡོག་པའམ་ཉེས་མེད་ལ་ཉེས་འཛུགས་ཀྱི་རང་བཞིན་ཏུ་འགྱུར་རྒྱུ་ཡིན་པས། དོན་དངོས་སུ་ལྟེ་པོ་དེ་ནི་བཟོ་ལས་འཛུགས་སྐྲུན་བྱེད་མཁན་གྱི་རྒྱལ་ཁབ་དག་རེད། དབྱིན་ཇི་གཙོ་བོར་གྱུར་པར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གིས་བཟོ་ལས་ཀྱི་བྱ་སྤྱོད་སྤེལ་བ་ནས་བཟུང་བཟོ་ལས་པ་རྣམས་འདོད་རྔམ་གྱི་མཐའ་མ་རྟོགས་པའི་ཉེར་ལེན་ལ་བརྟེན་ལས་རང་བྱུང་ཀྱི་གཏེར་མཛོད་རྣམས་ལ་བག་མེད་ཀྱི་བེད་སྤྱད་པ་དང་། ཕུགས་བསམ་དང་བྲལ་བའི་རང་དོན་ཁོ་ནར་སྒྲུབ་པའི་རྒྱུ་རྐྱེན་ལས་བྱུང་བ་ཞིག་རེད། དེ་ཡང་བཟོ་ལས་པ་རྣམས་ཀྱིས་བཟོ་གྲྭའི་ཐོན་ཁོངས་རྔོག་འདོན་ཚད་མེད་བྱས་པ་དང་། ཐོན་སྐྱེད་བཟོ་སྐྲུན་བྱེད་སྐབས་བར་སྣང་དུ་དུག་རླངས་ཚད་མེད་བཏང་བས། ས་ཁམས་དང་རླུངས་ཁམས་གཉིས་ལ་དོ་ཕོགསཤུགས་ཆེར་བྱུང་བས་རང་བྱུང་ཁམས་ཀྱིས་འཕྲག་ཏུ་མི་ཁྱོག་པའི་རྡོག་འཕྲིས་རེད།
དེ་ཡང་ཁ་གསལ་པོར་བརྗོད་ན་བཟོ་གྲྭའི་བྱ་སྤྱོད་ཀྱི་རྐྱེན་པས་གོ་ལའི་བར་སྣང་ཁམས་ཀྱི་ཚ་དྲོད་འཕར་ཚད་ཤུགས་ཆེར་རྒྱས་ནས་འཛམ་གླིང་གི་ཁོར་ཡུག་ལ་མི་འདོད་པའི་འགྱུར་བ་སླེབས་པ་རེད།
སྐབས་འབྲེལ་གནམ་གཤིས་ཀྱི་དཀའ་ངལ་ནི་དྲོད་ཁང་རླངས་རྫས་རིགས་ཀྱི་རྐྱེན་པས་ས་གོ་ལའི་རླུང་གི་དཀྱིལ་འཁོར་ལ་ཚ་དྲོད་འཕེལ་རྒྱས་གློ་བུར་དུ་བྱུང་ནས་ས་ཁམས་ལ་ཉེན་ཚབས་ཅན་གྱི་འཕོ་འགྱུར་གསར་པ་འབྱུང་བཞིན་པ་དང་། དེར་ཚན་རིག་པས་གོ་ལའི་དྲོད་ཁོལ་ཞེས་བརྗོད་པ་དང་། གོ་ལའི་དྲོད་ཁོལ་ཟེར་བ་གོང་དུ་བརྗོད་པ་ལྟར་བཟོ་གྲྭ་ནས་བྱུང་བའི་དུ་རླངས་ཀྱི་རྒྱུ་བྱས་པ་རེད།
གོ་ལའི་དྲོད་ཁོལ་འབྱུང་སྟངས་ནི་ཚན་རིག་པསབཤད་ན་གོ་ལའི་སྟེང་འཕྲོས་པའི་ཉི་མའི་འོད་ཟེར་དག་ལྡོག་འཕྲོ་བྱེད་ཀྱི་ཡོད་ཀྱང་། བཟོ་གྲྭའི་དུ་རླངས་དག་བར་སྣང་ཁམས་ལ་རིམ་གྱི་བསགས་པས་དཀའ་ངལ་གཉིས་སྟེ་ཉི་འོད་ལྡོག་འཕྲོ་དག་བཀག་པ་དང་། རླུང་གི་དཀྱིལ་འཁོར་གྱི་བང་རིམ་དག་བལྡོལ་གྱི་ཡོད། དང་པོ་ནི་བཟ་གྲྭའི་རླངས་རྫས་དག་གིས་ཉི་མའི་འོད་ཟེར་ལྡོག་འཕྲོ་དག་བཀག་ནས་བར་སྣང་དུ་བསགས་པས་ཉི་འོད་ཀྱི་ཚ་དྲོད་དག་རླུང་གི་དཀྱིལ་འཁོར་ནས་ཕྱི་རོལ་དུ་ཐོན་མི་འཇུག་པར་བཀག་ཉར་བྱས་པས། གོ་ལའི་ཚ་ཚད་རྒྱས་པ་དང་། གནོད་སྐྱོན་གཅིག་ཤོས་ནི། ཉི་མའི་འོད་ཟེར་རྒྱུད་རྫས་རིགས་སྣ་ཚོགས་གོ་ལའི་ངོགས་སུ་ཡོང་གི་ཡོད་ཀྱང་། རླུང་ཁམས་དཀྱིལ་འཁོར་གྱི་རིམ་པ་སྣ་ཚོགས་ཡོད་པས་རྫས་རིགས་རྣམས་བཀག་པའམ་རྫས་བསྒྱུར་གྱིས་ས་གོ་ལར་མི་གནོད་པའི་ནུས་རྫས་སུ་བསྒྱུར་གི་ཡོད་མོད། བཟོ་གྲྭའི་དུ་རྫས་དག་གི་རླུང་ཁམས་ཀྱི་བང་རིམ་རྣམས་བཏོར་ནས་འོད་གོ་ལར་ཐད་ཀར་འཕྲོ་ཐུབ་པར་འགྱུར་འགྲོ་ཡི་ཡོད་པས། དེས་མི་དང་བཅས་པའི་སེམས་ཅན་རྣམས་ལ་པགས་ནད་སོགས་ནད་རིགསའབྱུང་གི་ཡོད་པ་རེད།
བཟོ་གྲྭ་ནས་ཐོན་པའི་དུ་རླངས་ཇི་ཙམ་གྱི་ཇེ་མང་དུ་ཕྱིན་ནའང་། དེ་ཙམ་གྱིས་གོ་ལའི་ཚ་དྲོད་ཇེ་རྒྱས་སུ་ཕྱིན་ནས་འཛམ་གླིང་གི་སའི་ཚ་གྲང་ལ་འཕོ་འགྱུར་འགྲོ་ཡི་ཡོད། གོ་ལའི་ཚ་དྲོད་རྒྱས་པར་བརྟེན་ས་གཞིའི་ས་ཆ་གྲང་སའི་ཁ་བ་དང་འཁྱག་རོམ་དག་རིམ་གྱི་ཞུར་བ་དང་། ས་ཆ་ཁ་དམའ་བའི་རྒྱ་མཚོའི་ངོགས་སུ་ཆགས་པའི་གླིང་ཕྲན་སོགས་ལ་མཚོ་དྲོ་ནས་ཆུས་འཇིགས་པ་འབྱུང་གི་ཡོད་པ་རེད། དཔེར་ན་འཛམ་གླིང་ལྷོ་སྣེ་དང་བྱང་སྣེ་གཉིས་སུ་ཆགས་པའི་དར་ཀློང་དང་། འཁྱག་རོམ་དག་ཞུར་བ་དང་། དེ་དག་ལ་འཚོ་བའི་སྐྱེ་གནས་དག་སྐྱབས་བཅོལ་ལའང་འགྲོ་ས་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེ་བཞིན་གླིང་ཕྲན་གི་རྒྱལ་ཁབ་དག་ལ་མཚོ་འཕེལ་ནས་སྐམ་ས་ཆུས་བཙན་འཛུལ་གྱི་ཉེན་ཁ་འཕྲད་བཞིན་པ་རེད། ཉེ་ཆར་རྒྱ་ནག་གི་ཚན་རིག་པ་གཙོ་བོ་གྱུར་པའི་གནམ་གཤིས་མཁས་ཅན་དག་གིས་གནས་ཚུལ་གསར་པ་རྙེད་པ་དང། དེ་ནི་བོད་ཀྱི་མཐོ་སྒང་ནི་ས་གཞིའི་ལྷོ་བྱང་གཉིས་ཀྱི་མཚམས་སུ་གངས་དང་འཁྱག་རོམ་མང་ཤོས་དང་མཐུག་ཤོས་ཡིན་པར་ར་འཕྲོད་པ་དང་། དེར་ཆགས་པའི་གངས་རི་༤༦༠༠༠ ཙམ་རིམ་གྱིས་ཞུར་ནས་ཤར་ཨེ་ཤ་ཡའི་ནང་འཕྲད་དུ་ཆུ་ལོག་དང་། ཕུགས་སུ་ཐན་པའི་དཀའ་ངལ་འཕྲད་རྒྱུ་གཏན་ཁེལ་ཟིན་པ་རེད། ཚན་རིག་པ་དང་། འཁྱག་རོམ་དཔྱད་ཞིབ་པ་དག་གིས་བོད་ཀྱི་མཐོ་སྒང་འདི་འཇིག་ཉེན་དུ་གྱུར་བའི་གླིང་སྣེ་གསུམ་པར་ངོས་འཛིན་བྱས་ཡོད།

ཞི་བདེའི་ལམ།

ཞི་བདེར་དམིགས་ནས་ཞི་བའི་ཐབས་ལམ་གྱིས།།
དྲང་བདེན་རྩོད་པ་དཔའ་མཛངས་ཅན་གྱི་ལས།།
ཐོབ་ཐང་རང་དབང་ལ་སོགས་བདེན་པའི་མཐའ།།
ལུགས་མཐུན་ཁྲིམས་ཀྱིས་སྒྲུབ་པ་རླབས་ཆེན་ཡིན།།